རང་ཁ་གསེར་གྱི་སྒོ་མོ། །རང་སྟོག་གཅོད་པའི་སྟ་རེ། །
这篇影评可能有剧透
གློག་བརྙན་འདིའི་གཏམ་རྒྱུད་མདོར་བསྡུས་ནི་ངག་བཅད་པའམ་སྨྲ་བ་ཉུང་བའི་ཨ་མ་ཞིག་གིས་རང་གི་བུ་མོ་བསད་སོང་ཞེས་མི་ཁ་རླུང་ལྟར་གྲགས་ནས་མཐར་ཁྲིམས་ཁང་དུ་ལོ 15 ལ་བསྡད། བཙོན་གྲོལ་བཏང་རྗེས་རང་གི་ནུ་མོ་དང་ལྷན་དུ་བསྡད་དེ། ཕན་ཚུན་ལ་རིམ་གྱིས་ཁ་བརྡ་བྱུང་བས་མ་གཞི་མོས་རང་གི་བུ་མོ་བསད་པ་མིན་པར་བུ་མོ་རང་གིས་སེམས་ཆུང་མ་བྱེད་པར་རང་མེད་བཏང་བ་ཡིན་ནོ། །
༡ . སྐད་ཆ་ནི་མིའི་ལག་ཆ་ཆེས་ཆེ་ཤོས་སྟེ་ཨང་དང་པོ་ཡིན།
ལར་ན་འཇིག་རྟེན་འདིའི་རླབས་ཆེ་བའི་བྱ་གཞག་གལ་ཆེ་བ་དེའི་རིགས་ནི་མི་སྒེར་བ་གེ་མོའི་གསར་གཏོད་ཁོ་ན་ལས་འཁྲུངས་ཤིང་། དཔེར་ན། ཆོས་ལུགས་གསར་གཏོད་པ། ཚན་རིག་གསར་གཏོད་པ། འདི་དག་གི་ཤུགས་རྐྱེན་མི་མང་ལ་ཐེབས་པའི་ལོ་རྒྱུས་ཀྱི་རྒྱུན་ནི་ཤིན་ཏུ་རིང་ཞིང་། མི་མང་གི་མ་འོངས་པའི་བགྲོད་ལམ་དང་འཚོ་བའི་ཁ་ཕྱོགས་ལ་འགྱུར་ལྡོག་བཏང་དང་གཏོང་མུས་རེད། མི་ཚོས་དེ་དག་ལ་གཞི་བཅོལ་ནས་རང་དང་གཞན་གྱི་བྱ་བ་དག་དྲན་བཞིན་འགྲོ་བཞིན་མ་སྡོད་པར་ནམ་ཡང་མདུན་དུ་ཁོ་ནར་སྐྱོད་ཀྱིན་ཡོད། མདོར་ན་གང་གིས་ཀྱང་ཤུགས་རྐྱེན་མ་ཐེབས་པ་ཞིག་གླིང་གཞན་ན་མ་གཏོགས་གོ་ལ་འདིའི་ཁྱོན་ནས་རྙེད་མི་སྲིད།
དེ་བས་མི་གཅིག་གིས་མི་མང་པོ་ཁས་ལེན་ཐོབ་ཏུ་འཇུག་དགོས་ཚེ། དེ་ནི་ཤིན་ཏུ་ལས་ཀྱང་དཀའ་བའི་ལས་ཤིག་གོ ལྷག་པར་དུ་བདེན་པ། དེ་ཡང་བསྒྲུབ་མི་ཐུབ་པའམ་འགྲུབ་མ་མྱོང་བ་དེ་འདྲ་ཡང་མ་རེད། དེ་མིན་མི་མང་གི་ཁའི ༼སྐད་ཆ༽ དེ་ལས་མི་མང་ལ་ཁས་ལེན་ཐོབ་ཏུ་འཇུག་དགོས་ཚེ། སྐད་ཆ་བཤད་པ་ཙམ་གྱིས་ཆོག མི་ཁ་རླུང་རེད། འོན་ཀྱང་དེ་བདེན་པ་ཡིན་མིན་ནི་བདེན་དོན་ཁོ་ནས་ཐག་གིས་བཅད་འགྲོ་བ་ཞིག་རེད། ལར་ན་བདེན་པའི་མདུན་དུ་མི་གཅིག་གི་སྐད་ཆའི་ནུས་པ་དང་མི་མང་གི་སྐད་ཆའི་ནུས་པ་ལ་ཁྱད་པར་ཆེན་མེད་ཀྱང་བདེན་དོན་མ་ཡིན་པའི་རིགས་ལ་དེ་ལས་ལྡོག་པ་ཞིག་གོ
དེ་བས་ཁྱོད་ཀྱིས་གང་ཞིག་ཁྱད་འཕགས་སུ་འདོད་ནས་དེ་ལྟར་མཆིས་ན་ཡང་། དེས་སླར་ཡང་ཁྱོད་ཀྱི་ཁྱད་འཕགས་དེ་དོན་གྱི་ཁྱད་འཕགས་མིན་པར་བྱེད་ངེས། དེ་ནི་བདེན་པའི་ཁྱད་ཆོས་སྟེ་སུ་ལ་ཡང་འདྲ་མཉམ་གྱིས་ལྟ་བའི་མཆོག་གྱུར་དེའོ། །
༢ . འུ་ཚོའི་བརྩེ་བས་བདེན་པའི་མཐའ་ཁེབས་པར་དཀའ།
ཨ་མས་རང་གི་བུས་གཞན་ལ་ནག་ཉེས་དེ་འདྲའམ་བྱ་ངན་དེ་འདྲ་ཞིག་བཟོ་མི་སྲིད་ཅེས་བརྩེ་བའི་ཁྲོད་ནས་ཡིད་ཆེས་རྐྱང་རྐྱང་བྱེད་སྲིད་པ་ནི་ཕལ་ཆེར་འཇིག་རྟེན་གྱི་ཨ་མ་བྱིངས་ཀྱི་བསམ་སྦྱོར་བྱེད་སྟངས་གཅིག་པ་འདྲ་ཡིན་སྲིད་རྒྱུ་རེད། ང་ཚོས་གང་ནས་བལྟས་ཀྱང་ཕ་མའི་བརྩེ་བ་ལས་ལྷག་པ་ཞིག་གཞན་ནས་རྙེད་དཀའ་བའི་ཚོད་དུ་སླེབས་ཚར། དེ་བས་བརྩེ་བ་ནི་འུ་ཚོ་ལ་ཧ་ཅང་མཁོ་བ་བདེན་མོད། འོན་ཀྱང་བདེན་དོན་འུ་ཚོའི་བརྩེ་བས་བཅོས་ཐབས་ཡོད་པ་མ་རེད། དཔེར་ན། རང་གི་བུས་དོན་དངོས་སུ་བྱ་ངན་འདྲ་ལས་སྲིད་པ་ཡིན་ན། དེ་དེ་བཞིན་དུ་བུ་ནས་རང་གིས་བྱས་པའི་བྱ་བའི་ལེགས་ཉེས་ཐམས་ཅད་ལ་རང་གིས་དེ་བཞིན་དུ་འགན་ཁུར་དགོས་པ་ནི་རྒྱུ་འབྲས་དང་མཐུན་པ་ཞིག་གོ དེ་བས་བདེན་པ་ནི་འུ་ཚོའི་མི་ཕལ་བའི་བརྩེ་བས་ཁེབས་ཐུབ་ཅིག་མིན་པ་ཤེས།
༣ . རང་ཁ་གསེར་གྱི་སྒོ་མོ། ། རང་སྲོག་གཅོད་པའི་སྟ་རེ། །
འདི་ནི་དོན་གྱིས་བདག་གི་ཆེས་མཐར་མཐུག་བརྗོད་འདོད་པའི་གཏམ་གྱི་སྙིང་བཅུད་དེ་ཡིན། བདེན་པ་གྲོགས་སུ་བརྟེན་ནས་སྐད་ཆ་བཤད་ན་རང་ཁ་གསེར་དུ་གྱུར་སྲིད་ལ། དེ་ལས་ལྡོག་ན་རང་སྲོག་གཅོད་པའི་གཞི་ལས་མ་འདུག་གོ གང་ལྟར་འུ་ཚོའི་སྐད་ཆ་ལ་ནུས་པ་བླ་ལྷག་ལྡན་པ་བདེན་མོད། འོན་ཀྱང་སྐད་ཆའི་བདག་པོ་གང་འདྲ་ཞིག་བྱེད་རྒྱུ་ནི་ཁྱོད་ཁོ་ན་ལ་རག་ལས་སོ། །