བཙག་མི་ཐེབ་པའི་གཡག
这篇影评可能有剧透
སྔོན་ཆད་མཁྱེད་བརྩེའི་གློག་བརྙན་ཆང་ཧུབ་གང་གི་ཆོ་འཕྲུལ་ཞེས་པ་དེའི་གཏམ་རྒྱུད་དེ་ལས་ཀྱང་འབྲུག་པའི་ལས་བྱེད་ཕོ་གསར་ཞིག་ཕྱི་རྒྱལ་ལ་འགྲོ་གྲབ་བྱེད་སྐབས། ལམ་རོགས་བུ་མོ་ཞིག་ལ་སེམས་ཆགས་ནས་མ་སོང་པའི་གཏམ་རྒྱུད་བརྗོད་ཡོད་པ་དང་ཆ་འདྲ་བར། མཁྱེན་བརྩེ་དང་གློག་བརྙན་མཉམ་ཕབ་བྱེད་མྱོང་བའི་འཁྲབ་ཁྲིད་པ་འདི་ཡིས་ཀྱང་གཞོན་ནུ་དགེ་རྒན་ཞིག་ཕྱི་རྒྱལ་ལ་འགྲོ་གྲབ་བྱེད་སྐབས་མཐའ་མཚམས་འབྲོག་སྒང་ལ་ཆད་པའི་ཚུལ་ཏུ་མངགས་པའི་གཏམ་རྒྱུད་བརྗོད་འདུག་ཡོད། གློག་བརྙན་འདི་གཉིས་བར་ལ་ལོ་བཅུ་ཁ་བཅོ་ལྔ་ཙམ་གྱི་དུས་ཚོད་ཀྱི་བར་སྟོང་ཡོད་ནའང་། འབྲུག་ཡུལ་གྱི་སྤྱི་ཚོགས་གནད་དོན་ལ་རྒྱུན་མཐུད་ཀྱི་རང་བཞིན་ཞིག་ལྡན་ཡོད་པ་ཟུར་ནས་མཐོང་ཐུབ་པར་མ་ཟད། གློག་བརྙན་དེ་འདུལ་བྱེད་དང་ཐབས་ཤེས་ཤིག་གི་ངོས་ནས་མཁྱེན་བརྩེ་དང་རྡོ་རྗེ་གཉིས་ཀྱིས་གང་ལྟར་བཀོལ་སྤྱོད་བྱེད་བཞིན་ཡོད་པ་དེའང་ཤུགས་ཀྱིས་བསྟན་འདུག་བསམ། །གློག་བརྙན་ཐབས་ཚུལ་དུ་མཐོང་བ་འདི་བོད་བརྒྱུད་ནང་ཆོས་ཀྱི་ཁྱད་ཆོས་ཤིག་ཏུ་སྙམ་ཆོག་ལ། འཆམ་དང་ལྷ་མོ། མཐའ་ན་དེང་རབས་ཀྱི་གླུ་དབྱངས་སོགས་ཀྱིས་མཚོན་པའི་སྒྱུ་རྩལ་རྣམ་པ་སྣ་ཚོགས་ཤིག་ནང་ཆོས་ཀྱི་མི་སེམས་འདུལ་བྱེད་དུ་བཀོལ་ཡོད་པ་རེད་དེ། དེ་ང་ཚོས་སྒྱུ་རྩལ་ལྟ་བ་དང་སྲོལ་རྒྱུན་ཞིག་གི་མཐོ་ས་ནས་ངོས་འཛིན་བྱེད་ཆོག་པ་རེད། །གློག་བརྙན་འདིའི་ཡོན་ཏན་ཆེས་ཆེ་བ་ནི་དེ་འདྲའི་ལྟ་བ་ཞིག་ལེགས་ཕུད་བྱེད་ཐུབ་ཡོད་མེད་ཀྱི་སྒང་ནས་དཔྱད་ཐུབ་སྟེ། ང་རང་གིས་ཚད་གཞི་དེ་ལྟ་བུ་ཞིག་གི་ངོས་ནས་བཤད་ན་གློག་བརྙན་འདི་ལེགས་སུ་གྲུབ་པ་ཞིག་རེད་འདོད། །
དེ་ཡང་། སེམས་འདུལ་བའི་འདུལ་ལུགས་ལ་ནི་སེམས་འགུལ་བར་བྱེད་པ་དེ་ལས་མ་འདས། ཡིད་འཕྲོག་པར་བྱེད་པ་དེ་ལས་མ་འདས། །གློག་བརྙན་འདིའི་ངོ་སྤྲོད་དང་སྔོན་བརྡ་མཐོང་སྐབས། ང་རང་ལ་གློག་བརྙན་ཆ་ཚང་ལྟ་དགོས་མིན་གྱི་དོགས་པ་ཞིག་སྐྱེས་སུ་བཅུག་བྱུང་། ངས་བསམ་ན། ཁ་བྱང་དང་ངོ་སྤྲོད་བལྟས་པ་ཙམ་གྱིས་གློག་བརྙན་འདིའི་འགྲོ་ལུགས་ཙ་ལམ་ཞིག་མི་ཐམས་ཅད་ཀྱི་སེམས་སུ་གསལ་ངེས་རེད་བསམ། གློག་བརྙན་ཆ་ཚང་ལྟས་རྗེས་ཀྱང་དེ་རེད། གཏམ་རྒྱུད་དེ་ཆེ་ཕྱོགས་ནས་ལྟས་ན་ཤིན་ཏུ་བསྐྱར་བཟློས་སུ་སོང་པའི་འཕེལ་ལམ་ཞིག་གི་ངོས་ནས་འགྲོ་བཞིན་ཡོད་པ་དེ་རེད། ས་ཁུག་ལུང་ཁུག་ཞིག རེ་བ་ལས་འགལ་བའི་གཞོན་སྐྱེས་ཤིག དེ་ནས་སེམས་ཀྱི་ལོག་ཕེབས་ལྟ་བུ་ཞིག ཆེ་ས་འདི་དགེ་རྒན་དང་འབྲེལ་བའི་གློག་བརྙན་མང་པོའི་ནང་བྱུང་ཚར་ཡོད་པ་དང་། འདིར་ཤིན་ཏུ་གསར་གཏོད་མེད་པའི་ངོས་ནས་སླར་ཡང་བེད་སྤྱོད་བྱས་ཡོད་པ་མ་རེད། །
འོན་ཀྱང་། གློག་བརྙན་འདི་ཡི་མི་འདྲ་ས་ནི། འདིའི་ཞིབ་ཕྲའི་གནས་སོ་སོ་ན་སེམས་འགུལ་ཐེབ་བྱེད་མང་པོ་ཞིག་སྦས་ཡོད་པ་དེ་རེད། དཔེར་ན་དོན་བྱ་གཙོ་བོའི་གྲོགས་པོའི་བརྩེ་སེམས། སློབ་མ་སོ་སོའི་སྣང་བརྙན་དང་སྐད་ཆ། མཐའ་ན་འཛུམ་མདངས་དང་འགྲོ་སྟངས། དོན་བྱ་གཙོ་བོ་དང་གླུ་མཆོད་ཕུལ་མཁན་གྱི་བུ་མོ་གཉིས་ཀྱི་འབྲེལ་བ། ཡུལ་དཔོན་གྱི་མི་ཚེའི་གཏམ་རྒྱུད། གླུ་ཡི་འགྲེལ་བཤད། གཡག་གི་འགྲེལ་བཤད་ལ་སོགས་པ་ལ་སེམས་འགུལ་བྱེད་པའི་ནུས་ཤུགས་ཆེན་པོ་ཡོད་འདུག་ལ། ཁྱད་པར་ཏུ་ང་ཚོ་བོད་མི་མང་པོས་གློག་བརྙན་ནང་གི་སྤྱི་ཚོགས་རྒྱབ་ལྗོངས་དེ་འདྲ་མྱོང་ནས་ལོ་བཅུ་ཁ་ཉི་ཤུ་ཡིན་པ་དང་། རིག་གནས་ཀྱི་ཆ་ནས་མི་སྣ་དང་དོན་བྱུང་གི་ཚོར་བའི་སྐུལ་སློང་ལ་སྙིང་ཁ་གླན་ཐུབ་པ་ཡིན་དུས། ལྷག་པར་སེམས་འགུལ་ཐེབ་རྒྱུ་རེད། །
ང་རང་ལོ་བཅུ་ལ་སློབ་ཆུང་དགེ་རྒན་བྱེད་མྱོང་ཡོད་པས། གློག་བརྙན་འདིའི་ནང་གི་སློབ་མ་དང་ཡུལ་མིའི་ཁྱད་གཤིས་མངོན་སྟངས་ལ་ཤིན་ཏུ་ཡིད་ཚིམས་སོང་པ་ཡིན། བོད་ནང་གི་སློབ་གསོའི་སྐོར་གྱི་གློག་བརྙན་ཁ་ཤས་ནང་འདི་འདྲ་ཞིག་བྱུང་ཐུབ་མི་འདུག ཕལ་ཆེར་ཁོ་ཚོས་རྒྱལ་ལྗོངས་དེ་བཅོས་ཆེ་སོང་པས་ཡིན་པ་འདྲ། །དེ་བཞིན་ཀྲང་དབྱི་མོང་གི་ གཅིག་ཀྱང་ལྷག་ཏུ་བཅུག་མི་ཉན་ ཟེར་བའི་གློག་བརྙན་གྱིས་མཚོན་པའི་གློག་བརྙན་ནང་། མིའི་ལྷད་མེད་ཀྱི་བརྩེ་སེམས་དེ་ཨུ་ཚུགས་ཤིག་དང་། མཐའ་ན་གླེན་ཚུགས་ཤིག་ཏུ་སྟོན་བཞིན་ཡོད་པས། དེ་ལ་རང་གི་རིག་གནས་ལས་བྱུང་བའི་ཚོར་བ་དེ་འདྲ་ཞིག་རྦད་ནས་བྱུང་ཡོད་མི་འདུག འདི་དེ་རིང་གློག་བརྙན་འདི་ལྟས་རྗེས། ད་གཟོད་ང་ཡིས་གསལ་བ་ཡིན། ད་གཟོད་ང་ཡིས་ ཨོ་་་་་་ དྲན་པ་ཡིན། །
ཆང་ཧུབ་ནང་གི་དོན་བྱ་དང་པོ་དེ་མཐར་ཕྱི་རྒྱལ་ལ་མ་སོང་པ་རེད། ཡིན་ནའང་གློག་བརྙན་འདིའི་ནང་གི་གཞོན་ནུ་དེ་ཕྱི་རྒྱལ་ལ་སོང་ཡོད་པ་རེད། །འདི་ཕྱོགས་གཅིག་ནས་འཁྲབ་ཁྲིད་པ་སོགས་རང་ཉིད་ཕྱི་རྒྱལ་ལ་ཐོན་ཚར་བ་ཁ་ཤས་ཡིན་པས་ དེ་ལྟར་མ་བརྗོད་ཐུ་མེད་ཆགས་པ་ ལྟ་བུ་ཡིན་ན་ཐང་། འོན་ཀྱང་། རྒྱུ་མཚན་གང་འདྲ་ཞིག་གི་ངོས་ནས་ཡིན་རུང་། མཇུག་རྫོགས་ཚུལ་དེ་ཤིན་ཏུ་ཡག་སྣང་ཤར་སོང་། ག་རེད་ཟེར་ན། བཟོ་རིག་སྤྱི་ཚོགས་ཀྱི་བསླུ་བྲིད་དེ་འབྲུག་བོད་གང་ལ་མཚོན་ནའང་ནུས་ཤུགས་ཆེན་པོ་ཡོད་པ་ཞིག་རེད། དེ་ནི་སྤྱི་ཚོགས་གནས་སྟངས་གཉིས་ལ་ཡག་བཙོག་གི་ཁྱད་པར་ཕྱེས་སོང་ཡོད་པས་མ་ཡིན་པར། གཙོ་རྒྱུགས་ཡིན་མིན་གྱི་ཁྱད་པར་ཕྱེས་སོང་པས་རེད། །གློག་བརྙན་ནང་གི་ཡུལ་དཔོན་གྱིས་ ་་ང་ཚོའི་འབྲུག་རྒྱལ་ཁབ་འདི་བདེ་སྐྱིད་དཔལ་འཛོམས་ཀྱི་རྒྱལ་ཁབ་ཅིག་ཡིན་ཞེས་ཟེར་ནའང་། ཡོན་ཏན་དང་ཤེས་རིག་ཐོབ་ཟིན་པའི་གཞོན་ནུ་ཐམས་ཅད་ཕྱི་རྒྱལ་དུ་བདེ་སྐྱིད་འཚོལ་དུ་འགྲོ་དགོས་པ་ཅི་ཡིན་ནམ་་ ཞེས་བཤད་སོང་། གློག་བརྙན་རང་གི་བསྟན་དོན་ཡིན་ན། རྒན་པོ་དེས་མུ་མཐུད་དུ། ་་ཁྱོད་ཚོ་ཚང་མ་སོང་པ་ཡིན་ན། ང་ཚོ་འབྲུག་གི་མ་འོངས་དེ་གང་ལ་རེ་ལྟོས་བྱེད་དགོས་པ་ཡིན་་ ཞེས་བཤད་ཡོད་པ་ལྟར། གཞོན་ནུ་ཚོར་མ་འགྲོ་ཟེར་བཞིན་ཡོད་པ་རེད། །འོན་ཀྱང་། ང་རང་གིས་གློག་བརྙན་འདིའི་བསམ་བློའི་ནང་སྙིང་འདི་ཙམ་ལ་བཞག་ན་ཤིན་ཏུ་གུ་དོག་སོང་པ་རེད་འདོད། དེ་ལས་ལྡོག་པར། ང་ཚོས་ནང་སྙིང་དེ་ལས་རིན་ཐང་ཆེ་བ་ཞིག་མཐའ་མཇུག་གི་མཚམས་ནས་དོན་བྱ་དང་པོས་ཕྱི་རྒྱལ་གྱི་ཨར་ཁང་ནང་ནས་ གཡག་གི་སྐོར་གྱི་གླུ་དེ་འཐེན་པའི་འཁྲབ་ཚན་ནས་སྦྱོང་ལེན་བྱེད་ཆོག་ཏེ། དེ་ནི། སྤྱི་ཚོགས་ཤིག་རྒྱབ་ཏུ་སྐྱུར་ཏེ་འགྲོ་བའི་སྐབས་སུ། གློག་བརྙན་ནང་ས་ཁམས་ཀྱི་ངོས་ནས་སྐྱུར་བ་རེད། བོད་མི་མང་པོ་ལ་མཚོན་ན་དུས་ཚོད་ཀྱི་ངོས་ནས་སྐྱུར་ཡོད་པ་རེད། ང་ཚོས་ཕྱིར་མིག་ལྟ་དོན་ཡོད་དམ་མེད། ཕྱིར་མིག་ལྟ་བའི་འོས་ཐང་ཡོད་དམ་མེད་སོགས་བསམ་གཞིགས་བྱེད་རྒྱུ་དེ་རེད་ལ། །དེ་ཡང་མཐར་གཏུགས་ན། མི་རིགས་གཞན་གྱིས་གློག་བརྙན་འདི་ལྟ་བ་དང་མི་འདྲ་བར། ང་ཚོར་བཤད་ན་སེམས་ཀྱི་སྐྱོ་བ་སྲབ་མོ་ཞིག་དང་དེ་ཡིས་གཡོ་འགུལ་བྱས་པའི་ཚོར་བ་ཞིག་ཡིན་རྒྱུ་རེད་བསམ། །
ཤར་བྲིས། རྗེས་མ་བཅོས་རྒྱུ་ཡིན